Tuesday 31 July 2012

唯色:从拉萨的新面貌说起(藏文译文ལྷ་སའི་ངོ་གདོང་གསར་པ།)

藏文译文网站“译者之窗”http://karkhung.com 新近建立,被称为“藏人翻译家云集的网络平台”,专事翻译有关西藏的中文文章。
我于近期发表在HPIC中国人权的文章《从拉萨的新面貌说起》,已译为英文,现由“译者之窗”译为藏文,感谢译者。

ལྷ་སའི་ངོ་གདོང་གསར་པ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་།
རྩོམ་པ་པོ། འོད་ཟེར་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།
ལྷ་སར་འགྲོ་མྱོང་མཁན་མི་མང་པོ་ཞིག་གིས་“ལྷ་ས་ཉིན་རེར་རྣམ་པ་གསར་པ་ལ་འགྱུར་གྱིན་འདུག”་ཅེས་འདི་ལྟར་བརྗོད་ཀྱི་རེད། ངས་དེ་དག་ཁྲོད་ཀྱི་ས་ཆ་གཉིས་དཔེ་མཚོན་ལ་དྲངས་ཏེ་ད་ལྟའི་ལྷ་སའི་ངོ་གདོང་གསར་པ་བཤད་འདོད་བྱུང་།
༡ ཅང་སུའུ་གཞུང་ལམ།
གལ་ཏེ་ང་རང་ལྷ་ས་ནས་ཁ་ཤར་ཕྱོགས་ལ་འཁོར་ཏེ་ལངས་སྡོད་པའི་དབང་དུ་བཏང་ན། ཅང་སུའུ་གཞུང་ལམ་ནི་ངའི་གཡས་ཕྱོགས་སུ་ཡོད། དེ་ནི་མེ་མདའི་རྩེ་གྲི་ཞིག་གིས་ལྷ་སའི་གཡས་ཕྱོགས་ཀྱི་རྩིབ་རུས་གཉིས་ཀ་ལྷེབ་ལྷེབ་ཏུ་གཏུབ་པ་དང་འདྲ་བོ་ཡོད།
འདི་ནི་མེ་མདའི་རྩེ་གྲི་ཞིག་དང་སྦྱར་ནས་བཤད་པ་ལ་རྒྱུ་མཚན་མེད་པ་མིན། རྒྱང་ཚད་རིང་བོའི་ཅང་སུའུ་གཞུང་ལམ་ཐོག་ཏུ་གཙོ་ཆེ་ཤོས་ཀྱི་ས་ཆ་གཅིག་ཡོད་པ་ནི་བོད་ལྗོངས་དམག་མི་ས་ཁུལ་རེད། དེ་ཡིས་དེར་ཧམ་འཛུལ་བྱས་ཏེ་དུས་རབས་ཕྱེད་ཀ་འགོར་གྱི་ཡོད། མེ་མདའི་རྩེ་གྲི་དག་ལས་འཁྱག་སིབ་སིབ་ཀྱིས་འཕྲོས་འོང་བའི་འོད་དེ་ནི་མི་དམངས་དཀྱུས་མ་ཚོར་མཚོན་ན་བག་འཁུམ་དུ་འཇུག་བྱེད་ཅིག་ལས་མ་འདས། ངས་ཀྱང་རང་གི་མི་ཚེའི་ཆེས་ཐོག་མའི་ལོ་བཞི་བོ་གནས་དེར་བསྐྱལ་བ་ཡིན། རྒྱུ་མཚན་ནི་ང་རང་བཅིངས་འགྲོལ་དམག་མི་ཞིག་གི་བུ་མོ་ཡིན་ལ། རིག་གནས་གསར་བརྗེ་སྐབས་སུ་སྐྱེས་པ་ཡིན། སྐབས་དེར་ཨ་ཕས་བླངས་པའི་འདྲ་པར་དག་གི་ཁྲོད་ནས་གཅིག་ནི་དྲག་ཆས་སྤྲས་པའི་དམག་མི་སྐོར་ཞིག་གཞུང་ལམ་ཐོག་ནས་རུ་བསྒྲིགས་ཏེ་མདུན་སྐྱོད་བྱེད་བཞིན་པའི་པར་ཞིག་རེད། ཉིན་དེ་ནི་དྲོད་ལམ་ལམ་གྱི་ཉིན་མོ་ཞིག་རེད། ཉི་འོད་འོག་ན་སྟུག་ཅིང་འཛིངས་པའི་རྩེ་གྲི་མང་པོ་ཞིག་འདུག དེ་དག་གི་ཁ་གྲངས་ནི་ལམ་འགྲམ་གྱི་ཤིང་སྡོང་དག་གི་གྲངས་ཀ་ལས་རྦད་དེ་བརྒལ་འདུག་ལ་དེ་ནི་ནགས་ཚལ་མཐུག་པོ་ཞིག་དང་ཧ་ཅང་འདྲ་པོ་འདུག ཡིན་ནའང་། ལྗོན་ཤིང་དེ་དག་གི་ཐོག་ནས་མི་སེམས་འཁྱག་སིབ་སིབ་ཏུ་བསྒྱུར་བའི་རྩེ་གྲི་དག་གི་ཐོག་གི་འོད་མདངས་དེ་ལྟ་བུ་ཤར་གྱི་མི་འདུག ལོ་ན་གཞོན་པའི་དམག་མི་དེ་དག་གིས་འཁྱགས་སིབ་སིབ་ཀྱི་འོད་མདངས་འཕྲོ་བཞིན་པའི་རྩེ་གྲི་དག་ཕྲག་སྟེང་དུ་འཁུར་སྟེ་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བཏུས་ཞེས་པའི་དེབ་ཆུང་དེའི་ནང་གི་འབོད་ཚིག་དག་སྒྲོག་གིན་འདུག འདྲ་པར་དེར་ཚོན་མདོག་མི་འདུག་མོད། བགྲངས་མི་ཚར་བའི་གསུང་རྩོམ་གཅེས་བཏུས་ཀྱི་དེབ་ཆུང་དེ་ཚོ་དང་འོད་ཆེམ་ཆེམ་གྱི་རྩེ་གྲི་དེ་དག་གིས་སྣང་བརྙན་གང་འདྲ་ཞིག་བཟོ་མིན་ང་ཚོའི་གངས་དཀར་སེམས་ལ་འཆར་ཐུབ་པ་ཞིག་རེདལ། ཐ་ན། ལེ་དབར་མང་པོའི་སར་ཡོད་པའི་ཕོ་བྲང་པོ་ཏཱ་ལས་ཀྱང་རང་ཉིད་རང་སྲུང་བྱེད་མི་ཐུབ་པ་ང་ཚོས་རྟོགས་ཐུབ་པ་ཞིག་རེད།
དེང་སྐབས། ཅང་སུའུ་གཞུང་ལམ་ཐོག་གི་གྲུབ་ཆ་ནི་རྒྱ་ནག་གི་གྲོང་ཁྱེར་དག་གི་གྲུབ་ཆ་འདྲ་མིན་དག་དང་འདྲ་མཚུངས་ཡོད་སྟེ། དམར་ཕྱོགས་ཚོགས་པའི་ལས་ཁུངས། སྲིད་གཞུང་གི་ཁང་བརྩེགས། འཛིན་སྐྱོང་སྡེ་ཚན། སློབ་གྲྭ། སྨན་ཁང་། གསར་འགྱུར་བསྡུ་སྒྲིག་ཁང་། བཟོ་གྲྭ། མགྲོན་ཁང་། ཟ་ཁང་བཅས་འཚང་ཁ་ཤིག་ཤིག་ངང་བསྡད་ཡོད། ད་དུང་དྲག་ཆས་སྣ་ཚོགས་ཀྱིས་དམ་སྲུང་ནན་པོ་བྱས་པའི་དམག་མིའི་སློབ་གླིང་དེས་ས་ཁྱོན་ཧ་ཅང་རྒྱ་ཆེན་པོ་ཞིག་བདག་བཟུང་བྱས་ཡོད། གཞུང་ལམ་དེའི་མིང་འདོགས་ལ་ “གློད་ཀླད་སྲང་ལམ”་ཞེས་ཟེར་གྱི་ཡོད་པ་རེད། དེ་རུ་གློག་ཀླད་དང་འབྲེལ་བའི་ཚོང་ཁང་ག་ཚོད་མང་པོ་ཞིག་ཡོད་པ་ང་ཚོའི་ཡིད་ལ་འཆར་ཐུབ་པ་ཞིག་རེད། སྐབས་འདིར་ངས་ད་དུང་གཅིག་བརྗེད་འདུག དེ་ནི་སྲང་ལམ་འདིར་དེ་སྔོན་ “དམར་ཕྱོགས་ཚོགས་པ། སྲིད་གཞུང་། དམག་མི་དང་གཤང་འཚོང་མ་བཅས་ཀྱི་སྲང་ལམ།” ཞེས་བཏགས་པ་རེད། ཅང་སུའུ་གཞུང་ལམ་གྱི་གཡས་གཡོན་གཉིས་ཀར་གཤང་འཚོང་མའི་ཁང་པ་དག་གྲལ་བསྟར་བསྒྲིགས་ཡོད་པ་རེད། ཉི་མ་ནུབ་མ་ཐག་དེ་དག་གི་ཁང་པའི་སྒོ་ཐོག་ནས་ཁ་མདོག་ཟིང་སྐྱ་ཅན་གྱི་གློག་སྒྲོན་དག་འོད་འཁྱུག་འཁྱུག་ངང་མངོན་ཡོང་གི་རེད། གཤང་ཚོང་ཁང་དེ་དག་གིས་དམར་ཕྱོགས་ཚོགས་པ་དང་ཏང་སྲིད་གཞུང་གི་སྣང་བརྙན་ལ་ཕལ་ཆེར་དོ་ཕོག་གཏོང་གི་རེད་བསམ་ཏེ་དེ་ཚོའི་ཚབ་ལ་གློག་ཀླད་ཚོང་ཁང་ཆུང་ཆུང་དག་བརྒྱབ་པ་རེད།
ངས་ཀྱང་ཐེངས་ཤིག་རང་གི་ཀློག་ཀླད་དེ་གའི་ཚོང་ཁང་ཞིག་ལ་ཞུགས་གསོ་བྱེད་དུ་འཁྱེར་བ་ཡིན། དེར་སོང་སྟེ་“ལོག་སྤྱོད་པའི་དྲིལ་བསྒྲགས་”ཀྱི་གྲས་སུ་བགྲངས་པའི་གློག་བརྙན་གྱི་འོད་སྡེར་དག་དང་གླུ་གཞས་དག་མེད་པར་བཟོས་པ་ཡིན། དེའི་ཁྲོད་ཀྱི་གཅིག་ནི་ཧོ་ལིའི་ཝུ་ཊིའི་གློག་བརྙན་སྟེ་“བོད་ནང་གི་ལོ་བདུན”་ཞེས་པ་དེ་རེད། དེ་ནི་ལྷ་སའི་འོད་སྡེར་ཁྲོམ་རྭའི་ནང་དུ་ཐའི་ཝན་ནམ་ཧོང་ཀོང་ནས་ཐོན་པའི་དྲག་རྩལ་གྱི་གློག་བརྙན་ཞིག་ལ་བརྫིས་ཏེ་ཐོན་པ་ཞིག་རེད། སྐད་ཆ་དྲང་པོར་བཤད་ན། གློག་བརྙན་དེའི་ཆ་ཤས་འགའ་ལ་རབ་བཏགས་རི་མོའི་གློག་བརྙན་གྱི་རང་བཞིན་འདུག དཔེར་ན། མའོ་ཙེ་ཏུང་གི་ཚབ་མཚོན་མི་སྣ་སྟེ་མ་ནེའི་སྒང་ལ་སྨེ་བ་ཡོད་པའི་བཅིངས་འགྲོལ་དམག་མི་ལས་བྱེད་དེས་སྐུ་ན་གཞོན་པའི་༸གོང་ས་མཆོག་ལ་སྐད་ཅོར་རྒྱག་ཞོར་རྐང་པ་ཡ་གཅིག་རྩ་ཆེ་བའི་མཆོད་གཤོམ་སྟེང་དུ་བཞག་འདུག་པའི་སྣང་བརྙན་དེ་ལྟ་བུ་རེད། རྒྱ་ནག་དམར་ཕྱོགས་ཚོགས་པའི་བྱེད་ལུགས་བྱེད་སྟངས་དེ་འདྲ་ཡིན་ནའང་། སྒྱུ་རྩལ་གྱི་ཚད་ལས་བརྒལ་བའི་འཁྲབ་སྟོན་དེའང་སྒྲོ་འདོགས་ཤིག་ལས་མ་འདས། དེ་ནི་རྒྱ་ནག་གི་རིག་གཞུང་སྟེ་སྔོན་ལ་ཞི་འཇམ་དང་རྗེས་སུ་དྲག་རྒོལ་བྱེད་པ། སྔོན་ལ་མགོ་སྒུར་བ་དང་རྗེས་ནས་ནུས་ཤུགས་རྒྱ་བསྐྱེད་པ། སྔོན་ལ་རང་སྲུང་དང་དེ་ནས་དབང་སྒྱུར་བྱེད་པའི་ལུགས་སྲོལ་དེ་དག་མ་ཤེས་པ་གསལ་གསལ་ཐིང་ཐིང་རེད།
ཅང་སུའུ་ཞེས་པའི་མིང་འདིར་གྲི་རྩེ་ལྟ་བུའི་ཚེ་སྲོག་གི་ཉེན་ཁ་ཡོད་པ་རེད། ཡིན་ཡང་། ང་རང་གིས་སྲང་ལམ་འདི་ནམ་ཞིག་ལ་ཅང་སུའུ་ཞིང་ཆེན་དང་འབྲེལ་བ་ཆགས་པ་དྲན་པ་སོས་ཀྱི་མི་འདུག ཕལ་ཆེར་ལོ་ངོ་བཅུའི་གོང་ཡིན་པར་སྙམ། “བོད་ཀྱི་གནད་དོན་”ཧ་གོ་མཁན་ཚོས་སྲང་ལམ་འདིའི་མིང་གིས་ཅང་སུའུ་ཞིང་ཆེན་ནི་ལྷ་སར་“བོད་ལྗོངས་རོགས་སྐྱོར”་བྱེད་མཁན་ཞིག་ཏུ་བསྐོ་བཞག་བྱས་ཡོད་པ་སྟོན་གྱི་ཡོད་པ་ཤེས་ཀྱི་ཡོད། དོན་དངོས་སུ་“བོད་ལྗོངས་རོགས་སྐྱོར་”ནི་རྒྱ་ནག་གི་ཞིང་ཆེན་དག་གིས་ལྷ་ས་རུ་སོ་སོའི་མངའ་ཁོངས་སྟོན་བྱེད་ཀྱི་ལམ་ཁ་ཞིག་རེད། རྒྱ་ནག་གིི་ཞིང་ཆེན་འདྲ་མིན་གྱིས་བོད་ལྗོངས་འདི་སྒོ་ངའི་བག་ལེབ་སོབ་སོབ་ཅིག་དུམ་བུ་གྲངས་མེད་པ་ཞིག་ཏུ་གཏུབས་པ་ནང་བཞིན་བྱས་བཞག་ཡོད་ཅིང་། ཞིང་ཆེན་རེ་རེས་དུམ་བུ་གཅིག་རེ་བཟུང་སྟེ་“ནུབ་ཕྱོགས་སྒོ་འབྱེད་ཆེན་མོའི”་ཁྲོད་སོ་སོ་རང་ཉིད་ཕྱུག་པོར་བཟོ་བཞིན་མཆིས། བོད་ལྗོངས་སུ་ཇི་སྲིད་བར་ཁོང་ཚོའི་གཟི་བརྗིད་ལྡན་པའི་གྲུབ་འབྲས་དག་སྟོན་ཆེད་ཞིང་ཆེན་འདི་ཚོས་ལྷ་སའི་ཁང་བརྩེགས་ཆེན་མོ་དག་དང་སྲང་ལམ་དག་ལ་མིང་ཐོ་འདྲ་མིན་འདོགས་པའམ་ཡང་ན་དེ་དག་གི་སྔོན་མའི་མིང་ལ་འགྱུར་བ་གཏོང་གིན་ཡོད། མིང་ལ་དཔེར་ན། ཀོང་ཀྲིག་སྲང་ལམ། ཧྲང་ཧེ་ཁྲོམ་རྭ། ཐའེ་ཀྲིག་ཁྲོམ་རྭ། ཧྲན་ཏུང་ཁང་བརྩེགས་ལྟ་བུ་འདུག འདི་དག་གིས་ལམ་སང་བོད་རང་སྐྱོང་ལྗོངས་ཀྱི་ས་ཁྲ་གཡོགས་ནས་སླེབས་བྱུང་།
ཅང་སུའུ་ཞིང་ཆེན་གྱི་སྒང་ལ་ལྷ་སར་ད་དུང་“བོད་ལྗོངས་རོགས་སྐྱོར་”བྱེད་མཁན་གཅིག་ཡོད། དེ་ནི་པེ་ཅིང་རེད། ཡིན་ཡང་། ལྷ་ས་གྲོང་ཁྱེར་དུ་རིག་གནས་གསར་བརྗེའི་སྔོན་ནས་པེ་ཅིང་སྲང་ལམ་ཞིག་འདུག དེའི་ཐོག་མའི་བོད་མིང་ལ་“བདེ་སྐྱིད་ན་ག”་༼བདེ་སྐྱིད་སྲང་ལམ་༽ཞེས་ཟེར་བ་རེད། རྒྱ་གཞུང་གིས་དེར་འགྱུར་བ་བཏང་སྟེ་“པེ་ཅིང་སྲང་ལམ་”དུ་བཏགས་པ་རེད། རིག་གནས་གསར་བརྗེའི་སྐབས་སུ་ཡུལ་མིང་ལ་འགྱུར་བ་གཏོང་བ་ནི་དུས་རྒྱུན་གྱི་ལག་ལེན་བྱེད་སྟངས་ཤིག་ཏུ་ཆགས་ཡོད་སྟེ། དཔེར་ན། ལྷ་སའི་ཇོ་ཁང་ལ་འགྲོ་སའི་“བར་སྐོར”་གྱི་མིང་དེ་ལི་ཞིན་སྲང་ལམ་ཆེན་མོ་ལ་བསྒྱུར་ཡོད། “རྡོ་སེངྒེ་སྲང་ལམ་”ནི་ཞིན་ཧྭ་སྲང་ལམ་ལ་བསྒྱུར་པ་རེད། “གཡུ་ཐོག་སྲང་ལམ་”ནི་མི་དམངས་སྲང་ལམ་ལ་བསྒྱུར་ཡོད་པ་རེད། འདི་འདྲའི་དཔེ་མཚོན་ད་དུང་མང་པོ་ཡོད། ཐ་ན་རི་ཡི་མིང་ལའང་འགྱུར་བ་བཏང་ཡོད། “ལྕགས་པོ་རི་”ལ་རྒྱལ་ཁའི་རི་བོ་བཏགས་ཡོད། ༸གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དབྱར་ཁའི་བཞུགས་གནས་ནོར་བུའི་གླིང་གའི་མཚན་མི་དམངས་སྤྱི་གླིང་ལ་བསྒྱུར་ཡོད། ཅུང་ཙམ་མིན་ན་ཕོ་བྲང་པོ་ཏཱ་ལའི་མཚན་དེའང་ཤར་ཕྱོགས་ཀྱི་ཕོ་བྲང་དམར་པོ་ལ་བསྒྱུར་ཚར་བ་རེད། ད་ལྟ་ལྷ་ས་ནི་རང་གི་ལོ་རྒྱུས་དང་སྲོལ་རྒྱུན་ནམ་ལེགས་བྱང་བཅས་དང་འབྲེལ་བ་ཅི་གང་མེད་པའི་མིང་བྱང་གསར་པ་འདྲ་མིན་མང་པོ་ཞིག་གི་ནང་དུ་འཐིམ་བཞིན་པ་ང་ཚོ་ཚང་མས་མཐོང་གསལ་རེད། ཕྱི་ལོག་ནས་ཡོང་བའི་“བཅིངས་འགྲོལ་གཏོང་མཁན”་འདི་ཚོས་ཁོང་ཚོ་དང་འབྲེལ་བ་ཅི་ཡང་མེད་པའི་བོད་ཀྱི་གྲོང་ཁྱེར་རྙིང་པ་ཞིག་བཙན་བཟུང་བྱས་རྗེས་ཐོག་མའི་བོད་མིང་དག་གི་འབྱུང་ཁུངས་དང་ཡོངས་སུ་ཐ་དད་པའི་གསར་བརྗེའི་ས་མིང་མིང་པོ་ཞིག་བཙན་པོ་དབང་ཤེད་ཀྱིས་ཐོག་ནས་བཟོས་དང་བཟོ་མུས་སུ་ཡོད།
དེང་སྐབས་ཀྱི་ཡུལ་མིང་འདོགས་ལུགས་དང་ཡུལ་མིང་བརྗེ་བསྒྱུར་གྱི་ལས་འཆར་འདི་རིག་གནས་གསར་བརྗེའི་སྐབས་དང་བསྡུར་ན་སྔོན་ལས་བཙན་ཤུགས་ཅན་དུ་འགྱུར་གྱིན་འདུག ཁོང་ཚོས་བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་འབྲེལ་བའི་གོ་དོན་ཁྱད་པར་ཅན་གྱི་ཡུལ་མིང་དེ་ཚོ་འབོད་པའི་ཚབ་ཏུ་རྒྱ་ནག་གི་ས་ཁུལ་སོ་སོའི་མིང་དེ་ཚོ་ཐུ་བྷོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་མཚམས་རྟགས་དག་ལ་འདོགས་བཞིན་འདུག ཁོང་ཚོའི་གཞི་རྩའི་དམིགས་ཡུལ་དང་ཀུན་སློང་ག་རེ་ཡིན་ནམ། འདི་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་ཚོ་གོམས་འདྲིས་མེད་པའི་ས་མིང་འདི་དག་བརྒྱུད་དུ་བཅུག་ཏེ་རྒྱ་ནག་བཙན་རྒྱལ་རིང་ལུགས་ཀྱི་ཟིལ་ཤུགས་ཚོར་དུ་འཇུག་གི་ཡོད་པ་རེད་དམ་རང་གི་ཕ་མེས་ལས་བརྒྱུད་པའི་གཅེས་ནོར་དག་དང་ཕ་ཡུལ་གྱི་དྲན་ཐོ་དག་མི་གོམས་རང་གོམས་ཀྱི་བརྒྱུད་རིམ་ཁྲོད་བརླག་ཏུ་འཇུག་པའི་ཆེད་རེད། ཡང་ན། ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་རྒྱ་ནག་གི་ཡུལ་མི་གནས་སྤོར་བ་འབོར་ཆེན་ཞིག་རང་རང་གི་ཕ་ཡུལ་གྱི་ས་གནས་ཀྱི་མིང་གིས་གྲུབ་པའི་གོང་མའི་འཆར་ཡན་གྱི་རྒྱལ་ཁམས་༼ལྷ་ས༽ནང་འཚོ་སྡོད་བྱེད་ཐུབ་པའི་ཆེད་རེད། རྒྱ་ནག་གི་ས་ཆ་རེ་རེ་ནས་མིང་རེ་ལེན་པ་ནི་ཐུ་བྷོད་འདི་“རྒྱ་ནག་ཅན”་དུ་ཡོངས་སུ་བསྒྱུར་བའི་ཆེད་རེད་ལ། རིམ་བཞིན་ཐུ་བྷོད་མི་རིགས་འདི་རྒྱ་ནག་གི་མཚོན་རྟགས་ནང་ལ་ཡལ་པའམ་རྩ་བརླག་ཏུ་འགྲོ་བའི་ཆེད་རེད། མདོར་དེད་ན་འདི་ནི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་བྱ་སྤྱོད་ཁོ་ནའོ།།
ཐོག་མ་ནས་ཡོད་པའི་ས་མིང་དང་རང་ལ་དབང་བའི་ད་ཡོད་ཀྱི་ས་ཁམས་རིག་པའི་མིང་བརྡ་འདི་དག་ལ་བསྒྱུར་བཅོས་གཏོང་བ་ནི་ཧ་ཅང་འཇིགས་སྣང་ཆེ་བའི་དོན་དག་ཅིག་རེད། དེ་ནི་བརྗེད་ཐོ་དག་ནག་བསུབ་ཏུ་གཏོང་བའི་ལྐོག་ཇུས་ཤིག་རེད། དེ་ནི་རང་ཉིད་དང་འདས་ཟིན་པའི་བར་གྱི་འབྲེལ་ལམ་གཅོད་འབྲེག་བྱེད་སྤྱད་ཀྱི་ཁེ་གྲི་ཞིག་རེད། དེ་ནི་མཚན་གཅིག་གི་དུས་ཡུན་ནང་ངོས་འཛིན་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་བའི་ཡིད་སྐྱོའི་ཟློས་གར་ཞིག་རེད། ང་རང་ཐེངས་རེ་རེར་ཧན་མི་རིགས་ཀྱི་ས་ཁུལ་ནས་ཕྱིར་ལྷ་སར་ལོག་སྐབས་ང་རང་བོད་པའི་ས་ཆ་ཞིག་ལ་འགྲོ་ཡི་ཡོད་པའི་ཚོར་བ་མི་འདུག་པར་ཧན་མི་རིགས་ཀྱི་སྲང་ལམ་དག་ནས་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པའི་ཚོར་བ་ཞིག་ངམ་ངམ་ཤུགས་ཤུགས་ཀྱིས་འབྱུང་གིན་འདུག སྲང་ལམ་དག་གི་ས་མིང་ཆེ་ཤོས་ཤིག་ཧན་མི་རིགས་ཀྱི་ས་ཁུལ་དག་གི་མིང་རེད་ལ། རྩ་བའི་ཆ་ནས་ཚོང་ཁང་དག་གི་མིང་ཡང་ཧན་མི་རིགས་ཀྱི་ས་ཁུལ་དག་གི་ཚོང་ཁང་དག་དང་འདྲ་བོ་འདུག ཐ་ན། མདུན་ལོག་ནས་མཐོང་བའི་མི་རྣམས་དང་ཁ་ཐུག་ཏུ་འཕྲད་པའི་མི་རྣམས། ད་དུང་ཕྱིར་ལྟའི་ཁྲོད་དུ་འཁྱུག་ཙམ་རིང་མཐོང་བའི་མི་ཚང་མ་ད་ནི་ང་དང་འགྲོག་འདྲིས་མེད་པའི་ཧན་མི་རིགས་ཀྱི་ཕྱི་རྣམ་རེད།
༢ ཉི་མའི་གླིང་ཕྲན།
ང་ལྷ་སའི་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་གནས་པའི་ཉི་མའི་གླིང་ཕྲན་ལ་སྔོན་མ་ནས་དགའ་ཞེན་ཆེན་པོ་ཡོད། དེ་ནི་ལྷ་ས་ནང་གི་ཆེས་ཤིན་ཏུ་ཁྱད་མཚར་བའི་དབེན་གནས་དེ་ཡིན། དེར་དེང་དུས་ལྷ་སའི་ཆུང་གཟུགས་སྐུ་འདྲ་ཞེས་འབོད་ཀྱིན་ཡོད། ང་རང་གིས་ཕྱི་ལོག་ནས་ཡོང་བའི་གསར་འགོད་པ་དག་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་དེ་མཚམས་སྦྱོར་ཆེས་ཆེར་བྱེད་ཀྱི་ཡོད།
དེའི་སྔོན་ཉི་མའི་གླིང་ཕྲན་ལ་ལྕིང་མའི་གླིང་ག་ཟེར་གྱི་ཡོད་པ་རེད། དེ་རུ་ལྗོན་ཤིང་སྣ་ཚོགས་དང་ཆུ་འགྲམ་གྱི་བྱེ་ཐང་། འཇམ་ཐིང་ཐིང་ངང་བཞུར་བཞིན་པའི་ལྷ་སའི་སྐྱིད་ཆུ་བཅས་ཡོད་རེད། ཟམ་པ་ཆུང་ཆུང་དེའི་མགོ་མཇུག་གཉིས་ཀར་བོད་ཀྱི་རླུང་རྟས་བརྒྱན་ཡོད། ས་གནས་མི་དམངས་ཀྱིས་ཀུ་རེའི་ཚུལ་དུ་ས་ཆ་དེར་རྐུན་མ་གླིང་ག་ཞེས་ཀྱང་བཏགས་ཡོད། དེ་ནི་རྐུན་མ་དག་སྦས་སྐུང་བྱེད་ས་ཡིན་པའི་ཆ་ནས་དེ་ལྟར་བརྗོད་པ་རེད། སྤྱི་ལོ་༡༩༩༤་ལོར་ལྷ་སར་གནས་སྡོད་རྒྱའི་རི་མོ་བ་ཆེས་གྲགས་ཅན་ཞིག་གི་ངོ་སྤྲོད་རྒྱབ་གཉེར་འོག་ཨོའོ་མིན་ནས་ཡིན་པའི་རྒྱ་སྐྱེད་པ་ཞིག་དང་ལྷ་སའི་སྲིད་གཞུང་གཉིས་མཉམ་འབྲེལ་ཐོག་བདག་མེད་ཡུལ་ལྗོངས་དེ་རྒྱན་རྩེད་ཁང་ཞིག་ལ་བསྒྱུར་པ་རེད། དེ་ནས་རྒྱ་ནག་གི་འབྱོར་ལྡན་མི་སྣ་ཞིག་གིས་དེ་ཚུར་བླངས་ཏེ་དེའི་ཚབ་ལ་ཀྲུང་ཧེ་རྒྱལ་སྤྱིའི་གྲོང་རྡལ་འཛུགས་སྐྲུན་བྱས་པ་རེད། ཅུང་ཙམ་མ་འགོར་བར་དེ་ནི་ལྷ་སའི་ཆེས་ཆེ་ཤོས་དང་མི་དམངས་མང་ཤོས་ཀྱི་གློག་བརྡ་དམར་པོའི་ས་ཁུལ་དུ་ཆགས་ཚར་བ་རེད། དེ་རུ་སྨད་འཚོང་མ་ཆིག་སྟོང་ལྷག་འཛོམས་ཡོད་འདུག
ལྷ་སའི་ནང་གི་གཤང་འཚོང་མའི་སྐོར་ལ་ས་གནས་མི་དམངས་ཁྲོད་ས་ཁྱབ་རྡོ་ཁྱབ་དུ་འགྲོ་བཞིན་པའི་སྐད་ཆ་ཞིག་དྲ་ཐོག་ལ་བརྟག་ཞིབ་སྙན་ཐོ་ཞིག་གིས་ལུང་འདྲེན་གནང་བ་་གཤམ་གསལ་ལྟར། “འབྱོར་མེད་མི་སྣ་ཚོ་སྲང་ལམ་གཉིས་པའི་ནང་ལ་འགྲོ་ཡི་འདུག འབྲིང་རིམ་འབྱོར་ལྡན་ཚོ་ཐན་ཧེ་མཚན་མོའི་ཁྲོམ་རྭ་ལ་འགྲོ་ཡི་འདུག འབྱོར་ལྡན་མི་སྣ་ཚོ་ཉི་མའི་གླིང་ཕྲན་ལ་འགྲོ་ཡི་འདུག”་ཅེས་བརྗོད་འདུག སྙན་ཞུ་དེའི་ནང་ད་དུང་མུ་མཐུད་བརྗོད་དོན། “སི་ཁྲོན་དང་ཁྲུང་ཆིན། ཧོའོ་པེ། ཧུའུ་ནན་བཅས་ནས་ཡོང་བའི་བགྲངས་མི་ཚར་བའི་ན་ཆུང་བུ་མོ་དང་ན་གཞོན་བུ་མོ་མང་པོ་ཞིག་ལྷ་སའི་སྲང་ལམ་གཉིས་པ་དང་གསུམ་པ། བཞི་པའི་སྟེང་འཆམ་འཆམ་དུ་འགྲོ་བཞིན་འདུག དེའི་ནང་དུ་ཐ་ན་བུ་མོ་དར་མ་མང་པོ་ཞིག་ཀྱང་ཚུད་ཡོད། འདི་དག་གིས་ལྷ་སའི་ཁྱོན་ཡོངས་ལ་དཔེ་ཟླ་བྲལ་བའི་ཡུལ་ལྗོངས་ཤིག་བསྐྲུན་འདུག་་་་་ ”༼༡༽ ཧྲིན་ཀྲིན་ནས་ལྷ་སའི་གཤང་ཚོང་ཁང་དུ་ཡང་ཡང་འགྲོ་མྱོང་བའི་རྒྱ་རིགས་ཤིག་གིས་རྒྱལ་ཁའི་དགའ་སྤྲོའི་ངང་ཁོང་གི་སྨད་འཚོང་མའི་སྐོར་གྱི་ཤེས་བྱ་ཞིག་དྲ་ཐོག་ཏུ་བགོ་བཤའ་བྱས་ཡོད་པ་གཤམ་གསལ་ལྟར། “ཀྲུང་ཧེ་རྒྱལ་སྤྱིའི་གྲོང་ཁྱེར་ནི་དངོས་གནས་ལྷ་ས་ཡི་གློག་བརྡ་དམར་པོའི་ས་ཁུལ་རེད་འདུག་སྟེ། དེ་རུ་མཐོ་རིམ་སློབ་གྲྭའི་བུ་མོ་འདུག་ལ་རིགས་རུས་དམའ་བའི་བུ་མོ་ཡང་འདུག བལ་ཡུལ་གྱི་བུ་མོ་འདུག་ལ་རཱ་ཤི་ཡའི་བུ་མོའང་འདུག ཕྱི་རྒྱལ་གྱི་བུ་མོ་ཚོར་རིན་གོང་མཐོན་པོ་སྤྲོད་དགོས་ཀྱི་འདུག ཁོང་ཚོ་མདོག་ཉེས་པོ་རེད་འདུག ངའི་བསམ་ཚུལ་ཡིན་ན་ཁྱོད་ཚོས་རྒྱལ་ནང་གི་ཚོང་ཟོག་ལ་རྒྱབ་སྐྱོར་གནང་ན་ཡག་པོ་འདུག ཀྲུང་ཧེ་རྒྱལ་སྤྱིའི་གྲོང་ཁྱེར་ནང་དུ་དོན་དངོས་སུ་བུད་མེད་ག་ཚོད་ཡོད་མེད་ངས་གཏན་ནས་བརྩིས་མེད། ཡིན་ནའང་། ཀྲུང་ཧེ་རྒྱལ་སྤྱིའི་གྲོང་ཁྱེར་ནས་སྤྱི་ལེ་ལྔ་ཡི་བར་ཐག་ནང་གི་ཚོང་ཁང་མང་ཆེ་ཤོས་ནི་ལུས་པོ་བཙོང་མཁན་རེད་འདུག ཧ་ཧ་་་་ ”༼༢༽
དེའི་མ་ཚད། ཉི་མའི་གླིང་ཕྲན་ལ་ཡུལ་ལུང་འདྲ་མིན་གྱི་ཟས་རིགས་ཀྱི་བྲོ་བ་ལྡན་པའི་ཟ་ཁང་མང་པོ་འདུག བོད་ཀྱི་འབྲོག་ཁྱི་བཙོང་སའི་ཚོང་ཁང་ཡང་ཡོད། ༼དེའི་གྱང་ངོས་སུ་༌༸པན་ཆེན་སྐུ་ཕྲེང་བཅུ་པའི་སྐུ་འདྲ་ཆེན་པོ་ཞིག་བཀལ་འདུག་ལ། མདུན་ཅོག་སྟེང་དུ་སྒྲོམ་གཞིའི་ནང་བཅུག་ཡོད་པའི་མའོ་ཙེ་ཏུང་གི་འདྲ་པར་ཞིག་ཀྱང་འདུག༽ སྐར་མ་བཞི་རྟགས་ཅན་གྱི་གསོལ་མགྲོན་ཁང་ཞིག་ཀྱང་འདུག དེའི་ནང་དུ་བོད་རྒྱ་ཧིན་གསུམ་གྱི་ཟ་ཁང་འདུག ད་དུང་། གཤང་ཚོང་ཁང་དག་དང་ལྷ་ས་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཁང་དང་ལྷ་སའི་སྲིད་གཞུང་གི་གྲོལ་རྡལ་ལས་ཁུངས་སོགས་ཀྱང་འདུག
ཐེངས་ཤིག་ང་རང་མི་མང་སྤྱི་ཁང་ཞེས་པའི་ཟ་ཁང་ཞིག་གི་ནང་ལ་སོང་བ་ཡིན། དེའི་གྱང་ངོས་སུ་མའོ་ཙེ་ཏུང་གི་འདྲ་པར་དང་ཁོང་གི་འབོད་ཚིག་དག་བཀལ་འདུག ཞབས་ཞུ་བ་ཡོངས་རྫོགས་ཀྱིས་མའོ་དཔུང་རྟགས་བཀལ་བའི་མདོག་ལྗང་ཁུ་ཅན་གྱི་གྱོན་ཆོས་གོན་འདུག ཁོང་ཚོ་ལ་ལ་ཞིག་དམར་སྲུང་དམག་ལ་འདྲ་བོ་འདུག ལ་ལ་ཞིག་རིག་གནས་གསར་བརྗེ་སྐབས་ཀྱི་དྲིལ་བསྒྲགས་གློག་བརྙན་ནང་གི་གོ་མིན་ཏང་གི་དམིགས་གསལ་གསང་ཉུལ་བ་དག་ལ་འདྲ་བོ་འདུག ཁ་ཤས་ཤིག་གདོན་འདྲེ་ལ་འདྲ་བོ་འདུག གྱང་ངོས་སུ་བོད་ཀྱི་དྲི་ནོག་བྲལ་བའི་ཁ་བཏགས་དཀར་པོ་ཞིག་གིས་གཡོགས་པའི་མའོ་ཙེ་ཏུང་གི་འདྲ་པར་ཞིག་འདུག དེའི་གཡས་གཡོན་དུ་ཚིགས་བཅད་རྐང་གཉིས་མ་ཞིག་གཤམ་གསལ་ལྟར་བྲིས་འདུག “དབང་ཐང་འཕེལ་ན་མའོ་ཙེ་ཏུང་མ་བརྗེད།། ཕྱུག་པོ་ཆགས་ན་ཏིན་ཞའོ་ཕིན་མ་བརྗེད།།” ངས་རྒྱུས་ལོན་བྱས་པ་ལྟར་ན་ཟ་ཁང་དེའི་སྦྱིན་བདག་ནི་ཏིན་ཞའོ་ཕིན་གྱི་ཡུལ་གྲོགས་ཤིག་རེད་འདུག ཁོང་ཕྱུག་པོ་ཆགས་ཡོད་ངེས་ཡིན།
ངས་ད་དུང་གཞུང་གི་ལས་བྱེད་པ་དང་ཚོང་པ་ཚོ་མཉམ་འབྲེལ་བྱས་ཏེ་“བོད་ལྗོངས་མི་རིགས་སྒྱུ་རྩལ་འགྲེམས་སྟོན་ཁང་”དུ་བཀོད་སྒྲིག་བྱས་པའི་“ཧི་མ་ལ་ཡའི་རོལ་དབྱངས་སྤྲོ་ཚོགས་”ཞེས་པའི་འཁྲབ་སྟོན་ཞིག་ལ་བལྟས་པ་ཡིན། འཁྲབ་སྟོན་པ་མང་ཆེ་ཤོས་རྒྱ་ནག་ནང་ལོག་ནས་ཡོང་བ་ཤ་སྟག་རེད། འཁྲབ་སྟོན་ལེ་ཚན་ནང་དུ་རྩལ་རྩེད་འཁྲབ་སྟོན་དང་སྒྱུ་འཕྲུལ་ལྟད་མོ། རྒྱ་གར་ཞབས་བྲོ་དང་འདྲ་བོའི་འཁྲབ་སྟོན། ཐའེ་ལན་ཊིའི་ཞབས་བྲོ། ཨ་རབ་ཀྱི་སྐེད་བྲོ། དོན་དངོས་ཐོག། དེ་ནི་དགའ་བརྩེའི་བྲོ་བ་ལྡན་པའི་འཁྲབ་སྟོན་ཞིག་རེད། ད་དུང་དེ་དག་དང་མཉམ་བསྲེས་བྱས་ཡོད་པ་དག་ནི་མཚོ་བོད་མཐོ་སྒང་གི་ལྕགས་ལམ་དང་མེ་འཁོར། སྐར་ལྔའི་དར་དམར་དང་ཨོ་ལིམ་ཕེ་ཁིའི་དཔལ་འབར་བཅས་རེད། ཆད་ལྷག་གཅིག་ཡོད་པ་ནི་ལྟད་མོ་བ་ཚོ་ཡར་ལངས་ཏེ་རྒྱ་ནག་གི་རྒྱལ་གླུ་ལེན་པའི་འབོད་སྐུལ་དེ་རེད། དམིགས་བསལ་གྱིས་མ་རབས་ཐ་ཤལ་གཅིག་མཐོང་བ་ནི་ཁོང་ཚོས་མིང་ལ་སྒྲོལ་མ་ཟེར་བའི་“བོད་པའི་བུ་མོ”་ཞིག་གར་སྟེགས་སྟེང་དུ་སྐྱེས་པ་འཚོལ་དུ་སྐད་བཏང་སོང་། གལ་སྲིད་ལྟད་མོ་བའི་ཁྲོད་ནས་སྐད་བཏང་བའི་རྒྱ་རིགས་སྐྱེས་པ་དེ་བུ་མོ་དེས་བཏོན་པའི་ཆ་རྐྱེན་གསུམ་ལ་མོས་མཐུན་བྱུང་བ་ཡིན་ན་ཁོང་“གུ་གེའི་རྒྱལ་པོ”་ལ་བསྡད་ཆོག་པ་དང་། གལ་ཏེ་མོས་མཐུན་མ་བྱུང་ན་“བོད་མོ་གཞོན་ནུ་མ་”དེས་ངག་སྐད་སྙན་མོའི་ཐོག་ནས་“ཁོང་གི་ཉེས་ཆད་ལ་(རྒྱ་ནག་གི་སྲོལ་ལུགས་ལྟར)་གུས་ཕྱག་འབུལ་དགོས། ”ཞེས་བསྒྲགས་དགོས།
ཐིག་ཕྲེང་དེ་ནི་དངོས་གནས་དྲང་གནས་ཀྱི་ཤིན་ཏུ་ཧ་ལས་དགོས་པ་ཞིག་རེད། དེས་དེ་མ་ཐག་“བོད་ལྗོངས་རིག་གནས་ཀྱི་ངོ་ཚབ་”ཡིན་ཞེས་པ་འདི་ཡི་སྐྱུག་བྲོ་བའི་རང་གཟུགས་ངོ་མ་དེ་བསྟན་ཚར་བ་རེད། ཕྱག་འབུལ་ལམ་གུས་ཕྱག་ཅེས་པའི་དོན་ག་རེ་རེད། ལམ་རིང་པོར་པུས་མོ་གཉིས་ཀ་ས་ལ་བཙུགས་ཏེ་གོམ་པ་གསུམ་རེའི་མཚམས་ནས་རྒྱང་ཕྱག་འཚལ་ནས་གནས་མཆོག་ལྷ་སར་ཡོང་བའི་མཇལ་སྐོར་བ་དེ་ཚོ་སུ་ཡིན་ངེས་རེད། ཕྱག་འཚལ་བ་དེ་ཁོང་ཚོ་ལ་ཉེས་པ་བཏང་བ་རེད་དམ། ཁོང་ཚོས་ནག་ཉེས་ག་རེ་བསགས་པ་རེད། བོད་མི་ཚོར་མཚོན་ན་ཕྱག་འཚལ་མཁན་གྱི་མི་དེ་དག་ནི་བསྔགས་འོས་པའི་གནས་མཇལ་བ་རེད། ཁོང་ཚོས་སོ་སོའི་ལུས་ཕུང་ལ་དཀའ་སྡུག་མྱངས་སུ་བཅུག་ཏེ་རང་གི་ཁྱད་འཕགས་ཀྱི་དད་པ་མཚོན་གྱི་ཡོད་རེད། དེར་གུས་བཀུར་མཚོན་ཆེད་ང་ཚོས་གུས་འདུད་ཞུ་འོས་པ་རེད། ཟ་ངེ་ཟིང་ངེ་འདིའི་ནང་ལ་བོད་མི་རིགས་ཀྱི་རིག་གཞུང་གི་མཚོན་རྟགས་དག་བསྲེས་པ་དང་ད་དུང་ཐོག་མ་ཉིད་ནས་གཞལ་དུ་མེད་པའི་དགེ་བའི་བྱ་སྤྱོད་ཅིག་ལ་འགྲེལ་བཤད་བརྒྱབ་སྟེ་“ཉེས་ཆད་”ཅིག་གི་ཚུལ་ལ་བཞག་ཡོད། འདི་ནི་ཁ་མཚར་ཞིག་ཀྱང་རེད། ཡིན་ཡང་། ཚད་ལས་བརྒལ་དྲག་པ་རེད། ཐུ་བྷོད་ངོ་མ་ནི་འདི་ལྟ་བུའི་ཁ་མཚར་གྱི་ཀློང་ནས་མཐོང་ཆུང་དང་བརྙས་སྨོད། ཉམས་ཆག་ཏུ་གཏོང་བཞིན་པ་ཕྱི་གསལ་ནང་གསལ་རེད་དོ།།
མཆན།
1.东方社工论坛:http://eastsw.5d6d.net/thread-22264-1-1.html。
2. 全民论坛:http://www.publicbbs.com/BBSdetail.aspx?id=10728。
(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། རྩོམ་འདི་གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


from 看不见的西藏~唯色 http://woeser.middle-way.net/2012/08/blog-post_4999.html